སྨོན་ལམ་རིག་ནུས་སྤྱོད་མཁན་གྱི་སྒྲིག་གཞི་ལམ་སྟོན།
༡. ང་ཚོའི་སྐོར་དང་སྒྲིག་གཞི་འདིའི་ཁྱབ་ཁོངས་གང་ཡིན།
སྤྱོད་མཁན་གྱི་སྒྲིག་གཞི་ལམ་སྟོན་འདི་ནི་རྒྱ་གར་དྷ་རམ་ས་ལར་དེབ་སྐྱེལ་བྱས་ཡོད་པའི་སྨོན་ལམ་དགེ་རྩ་ཚོགས་པ་དང་ཁྱེད་ཀྱི་བར་ལ་བཞག་པའི་ཁྲིམས་ཀྱི་ནུས་པ་ལྡན་པའི་གན་ཡིག་ཅིག་ཡིན།
འདིས་ཁྱེད་ཀྱིས་སྨོན་ལམ་རིག་ནུས་ཀྱི་དྲ་ཚིགས་ (monlam.ai) དང་། དེ་བརྒྱུད་ནས་མཁོ་སྤྲོད་བྱས་པའམ་དེ་དང་འབྲེལ་བ་ཡོད་པའི་ཞབས་ཞུ་དང་ཐོན་རྫས་ཁག་སྤྱོད་པར་སྟངས་འཛིན་བྱེད་བཞིན་ཡོད། དེའི་ནང་དུ་གཤམ་གསལ་རྣམས་ཏེ།
- སྨོན་ལམ་མེ་ལོང་།(melong.ai): ང་ཚོའི་བོད་ཡིག་གི་རིག་ནུས་རོགས་འདེགས་པ།
- ཡིག་སྒྱུར་རིག་ནུས། (བོད་ཡིག་དང་སྐད་ཡིག་གཞན་དག)
- སྒྲ་འཛིན་རིག་ནུས། (STT)
- ཀློག་འདོན་རིག་ནུས། (TTS)
- ཡིག་འཛིན་རིག་ནུས། (OCR)
- སྨོན་ལམ་རིག་ནུས་སྡིངས་ཆ་ (monlamai.studio) དང་དེ་དང་འབྲེལ་བའི་དཔེ་གཞི་ཁག(models) ཉེར་སྤྱོད་འབྲེལ་མཐུད་བྱེད་ལས།(APIs) ཚོད་ལྟའི་མཉེན་ཆས།(demos) གསར་འཕྲིན་བཅས་ཚུད་ཡོད།
(འདི་དག་སྤྱི་ལ་ “ཞབས་ཞུ་”ཞེས་འབོད།) ཁྱེད་ཀྱིས་ཞབས་ཞུ་འདི་དག་སྤྱོད་པའམ་འཛུལ་ཞུགས་བྱེད་པ། ཡང་ན་ང་ཚོའི་གསར་འཕྲིན་ལ་མིང་རྟགས་འགོད་པ་བཅས་བྱས་ན། ཁྱེད་ཀྱིས་སྒྲིག་གཞི་ལམ་སྟོན་འདི་དང་ང་ཚོའི་གསང་སྲུང་ལམ་སྟོན་(Privacy Policy) ངོས་ལེན་དང་མོས་མཐུན་ཡོད་པར་བརྩི་རྒྱུ་ཡིན། གལ་ཏེ་མོས་མཐུན་མེད་ན་ཞབས་ཞུ་འདི་དག་མ་སྤྱོད་རོགས་གནང་།
༢. འོས་བབ་ཐོབ་ཐང་།
- ཁྱེད་རང་ཉུང་མཐར་ལོ་ན་ ༡༣ ལ་སོན་པའམ་ཡང་ན་རང་ཉིད་ཀྱི་རྒྱལ་ཁབ་ཏུ་གྲངས་འཛིན་ཞབས་ཞུ་སྤྱོད་པར་རང་ངོས་ནས་མོས་མཐུན་བྱེད་ཆོག་པའི་ལོ་ཚད་ (ཡོ་རོབ་གླིང་གི་ས་ཁུལ་འགའ་ཞིག་ཏུ་ལོ་ ༡༦ དང་། ཨ་རི་དང་རྒྱལ་ཁབ་གཞན་ཁག་ཅིག་ཏུ་ལོ་ ༡༣) ལ་སོན་པ་ཞིག་ཡིན་དགོས་པར་མ་ཟད། གན་ཡིག་འདིར་ཞུགས་པའི་ཁྲིམས་མཐུན་གྱི་ནུས་པ་ཡོད་དགོས།
- གལ་ཏེ་ཁྱེད་རང་ལོ་ཚད་དེར་སོན་མེད་ཚེ། ཁྱེད་ཀྱི་ཕ་མའམ་ལྟ་རྟོག་པས་ཁྱེད་ཀྱི་ཚབ་བྱས་ཏེ་སྒྲིག་གཞི་ལམ་སྟོན་འདིར་མོས་མཐུན་བྱ་དགོས་ཤིང་། ཁོང་ཚོའི་ངོས་ལེན་དང་ལྟ་རྟོག་འོག་ནས་མ་གཏོགས་ཞབས་ཞུ་འདི་དག་སྤྱོད་མི་ཆོག
- གལ་ཏེ་ཁྱེད་ཀྱིས་ཚོགས་པའམ་སྒྲིག་འཛུགས་གང་ཡང་རུང་བ་ཞིག་གི་ཚབ་བྱས་ཏེ་ཞབས་ཞུ་འདི་དག་སྤྱོད་ཀྱིན་ཡོད་ན། ང་ཚོས་ཁྱེད་ལ་ཚོགས་པ་དེའི་ཚབ་བྱས་ཏེ་གན་ཡིག་འདིར་མོས་མཐུན་བྱེད་པའི་དབང་ཆ་ཡོད་པར་གཏན་ཁེལ་བྱེད་ངེས་ཡིན།
- གལ་ཏེ་འབྲེལ་ཡོད་ཁྲིམས་ལུགས་སམ་ཉེས་ཆད་དང་ཕྱི་གྱར་སྟངས་འཛིན་གྱི་ཁྲིམས་འོག་ནས་ཁྱེད་ལ་འདི་དག་སྤྱོད་མི་ཆོག་པའི་བཀག་སྡོམ་ཡོད་ཚེ། ཞབས་ཞུ་འདི་དག་སྤྱོད་མི་ཆོག
༣. ཞབས་ཞུའི་རང་བཞིན་དང་རིག་ནུས་ཀྱི་གསལ་བཤད།
- མིས་བཟོས་རིག་ནུས་ཀྱིས་བསྐྲུན་པའི་ཐོན་འབྲས། སྨོན་ལམ་མེ་ལོང་དང་། ཡིག་སྒྱུར་རིག་ནུས། སྒྲ་འཛིན་རིག་ནུས།(STT) ཀློག་འདོན་རིག་ནུས།(TTS) ཡིག་འཛིན་རིག་ནུས་(OCR) བཅས་ནི་འཕྲུལ་ཆས་སློབ་སྦྱོང་ (Machine Learning) གི་དཔེ་གཞི་ཁག་ལ་བརྟེན་ནས་གྲུབ་པ་ཞིག་ཡིན། ཁྱེད་ཀྱིས་མི་ཞིག་དང་མཉམ་དུ་སྐད་ཆ་ཤོད་ཀྱི་མེད་པར་རིག་ནུས་མ་ལག་ཅིག་དང་འབྲེལ་བ་བྱེད་ཀྱི་ཡོད་ལ། ཀློག་འདོན་རིག་ནུས་ (TTS) ལས་བྱུང་བའི་སྒྲ་དེའང་བཅོས་མའི་སྒྲ་ཡིན།
- ཐོན་འབྲས་ལ་ནོར་འཁྲུལ་ཡོང་སྲིད། ཐོན་འབྲས་རྣམས་ཚིག་དོན་ནོར་བ་དང་། ཁ་མི་ཚང་བ། ཕྱོགས་ལྷུང་ཅན། དུས་ལས་ཡོལ་བ། ཡང་ན་མགོ་སྐོར་རང་བཞིན་ཅན་ཡང་མི་ཡོང་བའི་ངེས་པ་མེད། ཉེན་ཁ་འདི་ནི་གཙོ་བོར་རྒྱུ་ཆ་འཐུས་ཚང་མེད་པའི་སྐད་ཡིག་ (low-resource languages) དང་། ཡུལ་སྐད། ཞེ་ས། གཞུང་ལུགས་དང་ཆོས་གཞུང་ཡིག་ཆ། བྲིས་མའམ་བཤེར་པར་སྐྱོན་ཅན། སྒྲོས་མི་གཙང་བའི་སྐད་སྒྲ། ཆེད་ལས་ཀྱི་བརྡ་ཆད་བཅས་ཀྱི་ཐོག་ཏུ་ཤས་ཆེར་ཡོད།
- ཆེད་ལས་ཀྱི་ལམ་སྟོན་མིན། ཐོན་འབྲས་རྣམས་ནི་ཁྲིམས་ལུགས་དང་། སྨན་བཅོས། དཔལ་འབྱོར། ཆོས་ལུགས་དབང་འཛིན། གནས་སྤོ། ཡང་ན་ཆེད་ལས་གཞན་གང་གིའང་ལམ་སྟོན་མིན་ལ། འོས་བབ་ཡོད་པའི་ཆེད་ལས་མི་སྣས་རང་ངོས་ནས་བརྟག་ཞིབ་དང་ཁུངས་ཐུབ་ངོས་འཛིན་མ་བྱས་པར། འཕྲོད་བསྟེན་དང་། ཉེན་སྲུང་། ཁྲིམས་ཐོག་གི་ཐོབ་ཐང་། འཚོ་བའི་གཞི་རྟེན་བཅས་ལ་ཤན་ཤུགས་ཐེབས་ངེས་ཀྱི་ཐག་གཅོད་ཁག་གི་ཆེད་དུ་འདི་དག་ལ་ནམ་ཡང་ཡིད་ཆེས་བློས་འགེལ་མ་བྱེད།
- མིས་ཞུ་དག་བྱ་དགོས། ཐོན་འབྲས་རྣམས་ཕྱིར་བསྒྲགས་བྱེད་པའམ། གཞུང་འབྲེལ་ཡིག་ཆ་ཁག་ཡིག་སྒྱུར་བྱེད་པ། ཡང་ན་དེ་དག་ལ་ཡིད་རྟོན་མ་བྱས་པའི་སྔོན་དུ། ཐོན་འབྲས་རྣམས་ལ་བསྐྱར་ཞིབ་དང་ཁུངས་ཐུབ་ངོས་འཛིན་བྱ་རྒྱུའི་འགན་ཁུར་ཁྱེད་རང་ཉིད་ལ་ཡོད།
- ཆོས་ལུགས་རིག་གཞུང་གི་ཚོར་ཤུགས། ང་ཚོའི་ཞབས་ཞུ་ཁག་གིས་བོད་ཀྱི་སྐད་ཡིག་དང་། ནང་ཆོས། རིག་གཞུང་གི་ནང་དོན་ཁག་སྟངས་འཛིན་བྱེད་ཀྱིན་ཡོད། ཐོན་འབྲས་རྣམས་དབང་འཛིན་སློབ་སྟོན་པའམ། ཡང་ན་བླ་མ་དང་སློབ་དཔོན། ཆོས་བརྒྱུད་དང་ཆོས་ཚོགས་གང་རུང་གི་དགོངས་པ་ཡིན་ཚུལ་གྱིས་ཕྱིར་སྟོན་བྱེད་མི་ཆོག
- མཚོན་རྟགས། ཁྱེད་ཀྱིས་རིག་ནུས་ཀྱིས་བསྐྲུན་པའི་སྒྲ་དང་ཡི་གེ། པར་རིས་རྣམས་འགྲེམས་སྤེལ་དང་བརྒྱུད་སྐུར་བྱེད་སྐབས། ཁྲིམས་ལུགས་ཀྱི་དགོས་མཁོའམ། ཡང་ན་གསལ་བཤད་མ་བྱས་ན་ལྟ་མཁན་གོ་ལོག་ཐེབས་ངེས་ཤིག་ཡིན་ཚེ། རིག་ནུས་ཀྱིས་བསྐྲུན་པ་ཡིན་པའི་གསལ་བཤད་བྱ་དགོས། ང་ཚོས་བཀོལ་སྤྱོད་བྱས་པའི་རྟགས་རིས་(watermarks) དང་། འབྱུང་ཁུངས་མཚོན་རྟགས་(provenance markers) རྣམས་ཁྱེད་ཀྱིས་གསུབ་པའམ་སྦས་སྐུང་གང་ཡང་བྱེད་མི་ཆོག
- མཁོ་སྤྲོད། ཞབས་ཞུ་འདི་དག་ནི་ཞིབ་འཇུག་དང་འཕེལ་རྒྱས་ཀྱི་ལས་གཞིའི་ངོ་བོའི་ཐོག་མཁོ་སྤྲོད་བྱེད་ཀྱི་ཡོད། དཔེ་གཞི་ (models) དང་། བྱེད་ལས།(features) ཚད་བཀག་(limits) རྣམས་དུས་ནས་དུས་སུ་འགྱུར་བ་གཏོང་བའམ། གནས་སྐབས་རིང་མཚམས་འཇོག་པ་དང་། ཡང་ན་དུས་གཏན་དུ་མཚམས་འཇོག་བྱེད་ཀྱང་སྲིད།
༤. ཁྱེད་ཀྱི་ཐོ་ཁོངས།
- སྒྲོས་དག་ཅིང་ཁུངས་བཙན་པའི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པ་དང་། དེ་དག་དུས་ལྟར་གསར་བཅོས་བྱ་དགོས།
- ཁྱེད་ཀྱི་ཐོ་ཞུགས་གནས་ཚུལ་དང་། ཉེར་སྤྱོད་འབྲེལ་མཐུད་བྱེད་ལས་(API) ཀྱི་ལྡེ་མིག་རྣམས་གསང་རྒྱ་བྱ་དགོས། ཁྱེད་ཀྱི་ཐོ་ཁོངས་འོག་བྱུང་བའི་བྱེད་ལས་མཐའ་དག་ལ་རང་ཉིད་ཀྱིས་འགན་འཁུར་དགོས།
- གལ་ཏེ་གཞན་གྱིས་བཀོལ་སྤྱོད་བྱས་པ་བྱུང་ཚེ། [security contact email] བརྒྱུད་ནས་ང་ཚོར་འཕྲལ་དུ་བརྡ་ལན་སྤྲོད་དགོས།
- ང་ཚོས་མོས་མཐུན་མ་བྱས་བར་དུ་ཐོ་ཁོངས་གཅིག་མི་གཅིག་གམ་ཚོགས་པ་གཅིག་ལས་བཀོལ་སྤྱོད་བྱེད་མི་ཆོག
༥. བཀོལ་སྤྱོད་ཆོག་པའི་ཐོབ་ཐང་།
ཁྱེད་ཀྱིས་གཤམ་གསལ་ཁྲིམས་འགལ་དང་གནོད་འཚེ་ཅན་གྱི་བྱ་སྤྱོད་དེ་དག་གི་ཆེད་དུ་ང་ཚོའི་ཞབས་ཞུ་འདི་དག་བཀོལ་སྤྱོད་མི་བྱེད་པར་མོས་མཐུན་བྱེད་ཀྱི་ཡོད།
ཁྲིམས་འགལ་དང་གནོད་འཚེ་ཅན་གྱི་བྱ་སྤྱོད།
- བཀོལ་སྤྱོད་བྱེད་བཞིན་པའི་ཁྲིམས་ལུགས་སམ་སྒྲིག་གཞི། ཡང་ན་ཕྱོགས་གསུམ་པའི་ཐོབ་ཐང་ (སྒེར་གྱི་གསང་རྒྱ་དང་། ཡོངས་ཁྱབ་གསལ་བསྒྲགས། ཤེས་བྱའི་བདག་ཐོབ་བཅས་ཚུད་པ།) ཁག་དང་འགལ་བ།
- ནར་མ་སོན་པའི་བྱིས་པར་འཁྲིག་སེམས་ཀྱི་ལོག་སྤྱོད་དང་གནོད་འཚེ་གཏོང་བའི་ནང་དོན་ཅི་རིགས་བཟོ་བའམ། དེ་ཡར་འཇུག་དང་། འགྲེམས་སྤེལ་བྱེད་པ། (ང་ཚོས་འདི་རིགས་ཀྱི་ནང་དོན་རྣམས་འབྲེལ་ཡོད་དབང་འཛིན་པར་འཕྲལ་དུ་རྩིས་སྤྲོད་བྱེད་ཀྱི་ཡོད།)
- མི་སྒེར་རམ་ཚོགས་པ་གང་ཡང་རུང་བའི་རིགས་རྒྱུད་དང་། རྒྱལ་ཁོངས། ཆོས་ལུགས། རིགས་རུས། ཕོ་མོའི་རྟེན། ཆགས་སྤྱོད་ཕྱོགས་ལྷུང་། དབང་པོ་སྐྱོན་ཅན། སྲིད་དོན་གྱི་ལྟ་བ་བཅས་ལ་བརྟེན་ནས། ཁོང་ཚོར་འཚེ་བ་དང་སྡང་སེམས་སྐུལ་བའམ། མཐོ་འཚམ་པ། སྡིགས་སྐུལ་བྱེད་པ། མིང་ཆད་བཟོ་བ། རྗེས་འདེད་གནོད་འཚེ་གཏོང་བ།
- དྲག་པོའི་འཇིགས་སྐུལ་རིང་ལུགས་དང་། དྲག་པོའི་མཐར་ལྷུང་རིང་ལུགས། རང་སྲོག་གཅོད་པའམ་རང་ལུས་ལ་གནོད་འཚེ་གཏོང་བ། ཡང་ན་ནག་ཉེས་ཆེན་པོ་བཅས་ལ་སྐུལ་སྤེལ་བྱེད་པའམ། འཆར་གཞི་གཏོང་བ། མཐུན་རྐྱེན་སྦྱོར་བ།
- གནོད་བྱེད་མཉེན་ཆས་ (malware) བཟོ་བའམ། མགོ་སྐོར་བསླུ་བྲིད་གཏོང་བ། གསང་བའི་གནས་ཚུལ་རྐུ་ཐབས་(phishing)བྱེད་པ། རྒྱུ་ནོར་བསླུ་བྲིད་དང་། དྲ་ལམ་སྙིགས་འཕྲིན་(spam) བཅས་ལ་མཐུན་འགྱུར་བྱེད་པ།
མགོ་སྐོར་དང་ངོ་ཚབ་གཡོ་ལེན།
- ང་ཚོའི་ཀློག་འདོན་རིག་ནུས་(TTS) སམ་འབྲེལ་ཡོད་དཔེ་གཞི་ (models) བཀོལ་ནས། མི་ངོ་མ་གང་ཡང་རུང་བའི་མངོན་གསལ་གྱི་བཀའ་འཁྲོལ་མེད་པར། ཁོང་ཚོའི་སྐད་གདངས་འདྲ་བཤུས་བྱེད་པའམ། ལྷད་བཅོས་བྱེད་པ། བཅོས་མའི་སྐད་གདངས་བཟོ་བ།
- མགོ་སྐོར་བ་དང་། ཁ་བསླུས་རྒྱག་པ། མིང་ཆད་བཟོ་བ། ངན་གཡོ་བྱེད་པ། ཡང་ན་མི་ངོ་མ་དང་། དགེ་རྒན། མི་སྣ་སྙན་གྲགས་ཅན་བཅས་ཀྱི་ངོ་ཚབ་གཡོ་ལེན་བྱེད་པའི་དོན་དུ་གཏིང་རྫུན་(deepfakes) ནམ། བཅོས་མའི་བརྙན་རིས་དང་སྒྲ་བཟོ་བ།
- འོས་བསྡུ་དང་སྲིད་དོན་གྱི་གཡོ་ཇུས་ལས་གཞི་གཙོས་པའི་གནས་ཚུལ་ཕྱིན་ཅི་ལོག་ཏུ་རྫུན་བཟོ་བྱེད་པའམ་འགྲེམས་སྤེལ་བྱེད་པ། ཡང་ན་ལུང་དང་གསུང་ཆོས་རྫུན་མ་བཟོས་ནས་མི་ངོ་མར་རྫུ་བ།
- གསལ་བཤད་བྱ་དགོས་པའི་གནས་སྐབས་སུ། མིས་བཟོས་རིག་ནུས་ཀྱིས་བཟོས་པའི་ནང་དོན་དེ། མིས་བཟོས་པ་ཡིན་ཚུལ་གྱིས་ངོ་སྤྲོད་ལོག་པར་བྱེད་པ།
གསང་དོན་དང་རྟོག་ཞིབ་སོ་ལྟ།
- ཁྲིམས་ཀྱི་བདག་དབང་དང་འབྲེལ་ཡོད་ཀྱི་ཆོག་མཆན་མེད་པར། མི་གཞན་གྱི་སྒེར་དོན་གནས་ཚུལ་དང་། སྒྲ་སྐད་ཅན་གྱི་པར་དང་ཡིག་ཆ། སྒྲ་བཅས་ཡར་འཇུག་བྱེད་པའམ་བཟོ་བཅོས་བཀོལ་སྤྱོད་བྱེད་པ།
- མང་ཚོགས་ལ་ལྟ་རྟོག་བྱེད་པ། མི་སྒེར་གྱི་གཤིས་སྤྱོད་དབྱེ་ཞིབ་བྱེད་པ། དབང་པོའི་ངོ་རྟགས་ངོས་འཛིན་བྱེད་པ། ཡང་ན་མི་སྒེར་རམ་ཚོགས་པ་ཁག་ངོས་འཛིན་དང་། རྗེས་འདེད། དམིགས་འབེན་དུ་འཛིན་པ་བཅས་ཀྱི་ཆེད་དུ་ཞབས་ཞུ་འདི་དག་བཀོལ་སྤྱོད་བྱེད་པ།
- མི་སྒེར་གང་ཡང་རུང་བའི་རང་ཉིད་ཀྱི་ངོ་བོ་དང་། དད་མོས། བསམ་ཚུལ་བརྗོད་པ་བཅས་ལ་བརྟེན་ཏེ། ཁོང་ཚོར་དྲག་གནོན་ནམ་འཁོན་ལན་ཕོག་པའི་ཉེན་ཁ་སྐྲུན་པའི་སྒོ་ནས་ཞབས་ཞུ་འདི་དག་བཀོལ་སྤྱོད་བྱེད་པ།
ལས་སྟེགས་བདེ་འཇགས།
- འབྲེལ་ཡོད་ཁྲིམས་ལུགས་སམ་ཐོན་ཁུངས་མཉམ་སྤྱོད་ཆོག་མཆན་གྱི་བཀའ་འཁྲོལ་ཡོད་པ་ལས་གཞན། བཀྲོལ་བཤིག་བཟོ་སྒྲིག་བྱེད་པའམ། ལྷུ་ལག་བཀྲོལ་བ། ཡང་ན་དཔེ་གཞིའི་ཚད་གཞི་(model weights) དང་། སྦྱོང་བརྡར་གནས་ཚུལ། འབྱུང་ཁུངས་ཨང་རྟགས་(source code) བཅས་ཕྱིར་འདོན་ཐབས་བྱེད་པ།
- ཞབས་ཞུའི་ནང་དོན་རྣམས་དྲ་ཚིགས་ནས་ཕྱོགས་བསྡུས་སམ་རྐུ་བཤུ་དང་། གནས་ཚུལ་ཕོན་ཆེན་པོ་ཕབ་ལེན། ཡང་ན་བཀོལ་སྤྱོད་ཚད་གཞི་དང་། འཛུལ་ཞུགས་ཚོད་འཛིན། བདེ་འཇགས་ཀྱི་སྒྲིག་གཞི་ (བཀག་སྡོམ་འགྲོལ་ཐབས་ "jailbreaking" བྱེད་པའི་ཐབས་ཤེས་ཀྱང་ཚུད།) རྣམས་ལ་གཡོལ་ཐབས་བྱེད་པ།
- ཟུར་དུ་ཆོག་མཆན་ཡི་གེ་ཡོད་པ་ལས་གཞན། ཐོན་འབྲས་རྣམས་ཁེ་ལས་འགྲན་བསྡུར་བྱེད་པའི་མིས་བཟོས་རིག་ནུས་དཔེ་གཞི་ (AI model) ལ་སྦྱོང་བརྡར་བྱེད་པའམ་ཡར་རྒྱས་གཏོང་ཆེད་དུ་བཀོལ་སྤྱོད་བྱེད་པ།
- ང་ཚོའི་སྔོན་ཚུད་ཀྱི་ཡིག་ཐོག་ཆོག་མཆན་མེད་པར། ཞབས་ཞུའི་ཉེན་ཁའི་གསང་གནས་ལ་བརྟག་དཔྱད་དང་། ཉམས་ཞིབ། ཚོད་ལྟ་བྱེད་པའམ། ཡང་ན་དྲ་བའི་ནད་དུག་སོགས་གནོད་བྱེད་ཨང་རྟགས་ནང་འཇུག་བྱེད་པ།
- ཡིག་ཐོག་གན་རྒྱ་མེད་པར་ཞབས་ཞུ་འདི་དག་རང་ཉིད་ཀྱི་ཐོན་རྫས་ཡིན་ཚུལ་གྱིས་ཕྱིར་ཚོང་བྱེད་པའམ། གཞན་ལ་ཆོག་མཆན་སྤྲོད་པ། ཕྱོགས་གསུམ་པར་ཁྱབ་སྤེལ་བྱེད་པ།
ཉེན་ཁ་ཆེ་བའི་བཀོལ་སྤྱོད། མི་སྒེར་གྱི་ཐོབ་ཐང་དང་ཁེ་དབང་ལ་ཁྲིམས་ཐོག་གམ། ཡང་ན་དེ་དང་མཚུངས་པའི་ནུས་པ་ཆེན་པོ་ཐོན་པའི་རང་འགུལ་ཐག་གཅོད་ཀྱི་གཞི་རྩ་གཅིག་པུར་བྱས་ནས་ཞབས་ཞུ་འདི་དག་བཀོལ་སྤྱོད་བྱེད་མི་ཆོག (དཔེར་ན། ལས་ཞུགས་དང་། བུ་ལོན། སློབ་ཞུགས་འདེམས་སྒྲུག ཉེན་སྲུང་། ཁྲིམས་སྐྱོང་། གཞིས་སྤོར། ཡང་ན་གཞི་རྩའི་ཞབས་ཞུ་རྣམས་བཀོལ་སྤྱོད་ཀྱི་ཐོབ་ཐང་ལྟ་བུའོ།།)
༦. ཁྱེད་ཀྱི་ནང་དོན།
༦.༡ བདག་དབང་། ཁྱེད་ཀྱིས་ཡར་འཇུག་བྱས་པའི་ཡི་གེ་དང་སྒྲ། པར་རིས། རྒྱུ་ཆ་གཞན་དག་ ("ནང་འཇུག") བཅས་ཀྱི་བདག་དབང་ཁྱེད་རང་ཉིད་ལ་ཡོད་པ་དང་། སྒྲིག་གཞི་འདི་དང་། འབྲེལ་ཡོད་ཁྲིམས་ལུགས། ཕྱོགས་གསུམ་པའི་ཐོབ་ཐང་བཅས་ཀྱི་རྨང་གཞིའི་ཐོག་ནས། ཁྱེད་དང་ང་ཚོའི་བར་གྱི་འབྲེལ་བའི་ཆ་ནས་བཤད་ན། ཁྱེད་ཀྱི་དོན་དུ་བསྐྲུན་པའི་ཐོན་འབྲས་ ("ཐོན་འབྲས") རྣམས་ཀྱི་བདག་དབང་ཡང་ཁྱེད་རང་ལ་ཡོད། སྤྱོད་མཁན་མི་འདྲ་བ་ཁག་ལ་ཐོན་འབྲས་འདྲ་བོ་འབྱུང་སྲིད་པས། ང་ཚོས་ཐོན་འབྲས་རྣམས་ཐུན་མོང་མ་ཡིན་པ་ཡིན་པའམ། ཡང་ན་པར་སྐྲུན་བདག་དབང་གི་སྲུང་སྐྱོབ་ཐོབ་འོས་ཡིན་པའི་ཁག་ཐེག་བྱེད་མི་ཐུབ།
༦.༢ ང་ཚོར་སྤྲད་པའི་ཆོག་མཆན། ཞབས་ཞུ་འདི་དག་དངོས་སུ་མཁོ་སྤྲོད་བྱེད་པ་དང་། བདེ་འཇགས་སྲུང་སྐྱོབ། རྒྱབ་སྐྱོར་བྱེད་པ་བཅས་ཀྱི་དོན་ཁོ་ནར་དམིགས་ཏེ། ཁྱེད་ཀྱི་ནང་འཇུག་དང་ཐོན་འབྲས་རྣམས་གཅེས་ཉར་བྱེད་པའམ། བཟོ་བཅོས་བྱེད་པ། བརྒྱུད་སྤེལ་བྱེད་པ་བཅས་ཀྱི་ཕྱིར། ཁྱེད་ཀྱིས་ང་ཚོར་སྒེར་བདག་མིན་པའམ། འཛམ་གླིང་ཡོངས་ཁྱབ་ཀྱི་རིན་མེད་ཆོག་མཆན་ (non-exclusive, worldwide, royalty-free licence) གནང་གི་ཡོད།
༦.༣ ཁྱེད་ཀྱི་འགན་འཁུར། ཁྱེད་ཀྱི་ནང་འཇུག་གི་དོན་དུ་དགོས་ངེས་ཀྱི་ཐོབ་ཐང་དང་། མོས་མཐུན། བཀའ་འཁྲོལ་ཐམས་ཅད་ཁྱེད་ལ་ཡོད་པ་དང་། ནང་འཇུག་དེ་དག་དང་ཁྱེད་ཀྱིས་ཐོན་འབྲས་བཀོལ་སྤྱོད་བྱས་པ་དེས་ཁྲིམས་ལུགས་སམ་ཕྱོགས་གསུམ་པའི་ཐོབ་ཐང་ཁག་ལ་འགལ་འཛོལ་མི་འགྲོ་བ་ཁྱེད་ཀྱིས་གཏན་ཁེལ་བྱ་དགོས།
༦.༤ སྤྱི་ཚོགས་ཀྱི་གནས་ཚུལ་དང་བསམ་འཆར། གལ་ཏེ་ཁྱེད་ཀྱིས་སྨོན་ལམ་གྱི་ལས་གཞི་ཁག་ལ་གནས་ཚུལ་དང་། ཞུ་དག སྒྲ་འཇུག མཆན་འགྲེལ་བཅས་འབུལ་ལམ་བྱས་ཚེ། ཆོག་མཆན་དང་མོས་མཐུན་ཡིག་ཆ་ཁག་ཚུད་པའི་ལས་གཞི་དེའི་སྒྲིག་གཞིའི་དོན་ཚན་རྣམས་ལ་བརྩི་སྲུང་བྱ་དགོས། ཁྱེད་ཀྱིས་ང་ཚོར་ཕུལ་བའི་གནས་ཚུལ་དང་བསམ་འཆར་རྣམས་ཁྱེད་ལ་དམིགས་བསལ་འགན་ཁུར་རམ་ཆ་རྐྱེན་གང་ཡང་མེད་པར་བཀོལ་སྤྱོད་བྱེད་ཆོག
༧. ང་ཚོའི་ཤེས་བྱའི་བདག་དབང་།
ཞབས་ཞུ་འདི་དག་དང་། དྲ་རྒྱ། རྟགས་མ། མཉེན་ཆས། དཔེ་གཞི། ཡིག་ཆ་བཅས་ནི་སྨོན་ལམ་ལ་བདག་པའམ་ཆོག་མཆན་ཐོབ་ཡོད་པས་ཤེས་བྱའི་བདག་དབང་གི་ཁྲིམས་ལུགས་ཁག་གིས་སྲུང་སྐྱོབ་བྱས་ཡོད་ལ། སྒྲིག་གཞི་འདི་དང་མཐུན་པར་ཞབས་ཞུ་འདི་དག་བཀོལ་སྤྱོད་བྱེད་པའི་ཚད་ཡོད་པ། ཕྱིར་བསྡུ་རུང་བ། སྒེར་བདག་མིན་པ། གཞན་དུ་སྤོ་སྒྱུར་མི་ཆོག་པའི་ཐོབ་ཐང་ལས་གཞན་ཐོབ་ཐང་གང་ཡང་སྤྲོད་ཀྱི་མེད། དཔེ་གཞི་དང་། གཞི་གྲངས་མཛོད (datasets)། ཨང་རྟགས (code) ཁག་ཅིག་ནི་ཁེ་ལས་མིན་པའམ་ཐོན་ཁུངས་མཉམ་སྤྱོད་ཆོག་མཆན་འོག་ཕྱིར་གཏོང་བྱས་ཡོད། (github.com/monlamai དང་འབྲེལ་ཡོད་དཔེ་གཞིའི་ཤོག་ངོས་ཁག་ལ་གཟིགས།) ཆོག་མཆན་དེ་དག་གིས་རང་ཉིད་ཀྱི་རྒྱུ་ཆ་ཁག་ལ་ཁྱབ་པ་དང་། སྒྲིག་གཞི་འདི་དང་མི་མཐུན་པའི་རིགས་བྱུང་ཚེ་ཆོག་མཆན་དེ་དག་གཙོ་བོར་གཟུང་རྒྱུ་ཡིན།
པར་དབང་འགལ་འཛོལ་གྱི་ཞུ་གཏུག
གལ་ཏེ་ང་ཚོའི་ཞབས་ཞུའི་ནང་གི་ནང་དོན་གང་ཞིག་གིས་ཁྱེད་ཀྱི་པར་དབང་ལ་འགལ་འཛོལ་བྱས་ཡོད་པར་བསམས་ན། [[email protected]] ཐོག་གནས་ཚུལ་བསྐུར་དགོས། གནས་ཚུལ་དེའི་ནང་། བརྩམས་ཆོས་ངོས་འཛིན་དང་། རྒྱུ་ཆ་གར་ཡོད་ཀྱི་གནས་ཡུལ། ཁྱེད་ཀྱི་འབྲེལ་གཏུག་ཁ་བྱང་། བཀའ་འཁྲོལ་མེད་པར་བཀོལ་སྤྱོད་བྱས་པའི་ཁུངས་ཕེར་གསལ་བཤད། ཚིག་དོན་རྣམས་བདེན་པ་ཡིན་པ་དང་རང་ཉིད་བདག་པོའམ་འབྲེལ་ཡོད་དབང་ལྡན་མི་སྣ་ཡིན་པར་ཁས་བླངས་པའི་གསལ་བཤད་བཅས་ཚུད་དགོས། ང་ཚོས་ནང་དོན་དེ་དག་ཕྱིར་བསྡུ་བྱེད་པའམ། ཡང་ཡང་འགལ་འཛོལ་བྱེད་མཁན་གྱི་འཛུལ་ཞུགས་ཐོབ་ཐང་མཚམས་འཇོག་བྱེད་ཆོག
༨. སྒེར་གནས་དང་གཞི་གྲངས་སྲུང་སྐྱོབ།
ང་ཚོའི་གསང་སྲུང་ལམ་སྟོན་གྱིས་ང་ཚོས་སྒེར་གྱི་གཞི་གྲངས་གང་ཞིག་ཅིའི་ཕྱིར་བསྡུ་རུབ་བྱེད་ཀྱི་ཡོད་མེད་དང་། དེ་བཞིན་ཁྱེད་ཀྱི་ཐོབ་ཐང་བཅས་ལ་འགྲེལ་བཤད་རྒྱག་གི་ཡོད། མདོར་བསྡུས་ན།
- ང་ཚོས་བསྡུ་རུབ་བྱེད་སྲིད་པའི་གཞི་གྲངས། ཐོ་ཁོངས་དང་འབྲེལ་གཏུག་(གསར་འཕྲིན་གློག་འཕྲིན་ཚུད་པ)ཁ་བྱང་། ནང་འཇུག (ཡི་གེ། སྒྲ་འཇུག པར་རིས)། ཐོན་འབྲས། སྤྱོད་ཚུལ་དང་འཕྲུལ་ཆས་གཞི་གྲངས། ཀོ་ཀིསི(cookies) འམ་དེ་དང་འདྲ་བའི་འཕྲུལ་རིག་བཅས།
- སྐད་སྒྲ་དང་སྒྲ་འཇུག སྐད་སྒྲའི་སྒྲ་འཇུག་རྣམས་དབང་པོའི་ངོ་རྟགས (biometric) སམ་ཡང་ན་ཚོར་ཤུགས་ཆེ་བའི་སྒེར་གྱི་གཞི་གྲངས་ཡིན་ཆོག ང་ཚོས་དེ་དག་གསལ་བསྒྲགས་བྱས་པའི་དམིགས་ཡུལ་དེ་དག་གི་ཆེད་ཁོ་ནར་བཀོལ་སྤྱོད་བྱེད་པ་དང་། སྐབས་ཀྱི་དགོས་མཁོར་གཞིགས་ཏེ་ཁྱེད་ཀྱི་མོས་མཐུན་འོག་ནས་ཟླ་བ་གཅིག་ལས་མ་བརྒལ་བར་ཉར་ཚགས་བྱེད་ཀྱི་ཡོད།
- དམིགས་ཡུལ་དང་ཁྲིམས་ཀྱི་གཞི་རྩ། ཞབས་ཞུ་མཁོ་སྤྲོད་བྱེད་པ། བདེ་འཇགས་དང་ལོག་སྤྱོད་སྔོན་འགོག ཁྲིམས་ལུགས་བརྩི་སྲུང་། ཁྱེད་ཀྱིས་རེ་ཞུ་བྱས་པའི་བརྡ་འཕྲིན། དེ་བཞིན་དགོས་མཁོ་བྱུང་སྐབས་མོས་མཐུན་འོག་ནས་དཔེ་གཞི་ཡར་རྒྱས་གཏོང་བ་དང་དབྱེ་ཞིབ་བྱེད་པ།
- ཁྱེད་ཀྱི་ཐོབ་ཐང་། ཁྱེད་རང་གང་དུ་གནས་སའི་ཡུལ་བབ་ལ་ལྟོས་ཏེ། ཁྱེད་ལ་གཞི་གྲངས་ལྟ་ཞིབ་དང་། ཞུ་དག ནག་གསུབ། ཚད་འཛིན། དགག་བྱ། གཞི་གྲངས་སྤོ་སྒྱུར། མོས་མཐུན་ཕྱིར་འཐེན། དེ་བཞིན་གཞུང་གི་སྒེར་གནས་སྲུང་སྐྱོབ་དོ་དམ་ཁང་ལ་ཞུ་གཏུག་བྱ་རྒྱུའི་ཐོབ་ཐང་བཅས་ཡོད།
- གསར་འཕྲིན། ཁྱེད་ཀྱིས་གློག་འཕྲིན་རེ་རེའི་ནང་གི་འབྲེལ་ཡོད་སྦྲེལ་ཐག་བརྒྱུད་དེ་ང་ཚོར་འབྲེལ་གཏུག་བྱས་ཚེ་མཉམ་ཞུགས་ཕྱིར་འཐེན་བྱེད་ཆོག
- རྒྱལ་སྤྱིའི་སྤོ་སྒྱུར། རྒྱལ་མཚམས་བརྒལ་བའི་གཞི་གྲངས་བརྒྱུད་སྤྲོད་གང་ཡང་བྱེད་ཀྱི་མེད།
- བདེ་འཇགས། ང་ཚོས་འོས་ཤིང་འཚམ་པའི་འཕྲུལ་རིག་དང་འཛིན་སྐྱོང་ཐབས་ལམ་ཁག་བཀོལ་སྤྱོད་བྱེད་ཀྱི་ཡོད་ཀྱང་། མ་ལག་གང་ཡང་བདེ་འཇགས་ཡིན་པའི་ངེས་པ་མེད། ང་ཚོས་ཁྲིམས་ཀྱི་དགོས་མཁོ་ལྟར་སྒེར་གྱི་གཞི་གྲངས་ཉེན་ཁར་འཕྲད་པའི་སྐབས་ཕོག་ཐུག་བྱུང་བའི་སྤྱོད་མཁན་དང་དོ་དམ་ལྷན་ཁང་ལ་བརྡ་ཐོ་གཏོང་ངེས་ཡིན།
- བྱིས་པ། ང་ཚོས་བདེན་ཁུངས་བརྟག་རུང་བའི་ཕ་མའི་མོས་མཐུན་མེད་པར་ལོ་ཚད་མ་རན་པའི་བྱིས་པ་ཚོའི་སྒེར་གྱི་གཞི་གྲངས་ཤེས་བཞིན་དུ་བསྡུ་རུབ་མི་བྱེད། གལ་ཏེ་བྱིས་པ་ཞིག་གི་གཞི་གྲངས་སྤྲད་ཡོད་པར་བསམས་ན། ང་ཚོར་འབྲེལ་གཏུག་བྱོས་དང་ང་ཚོས་དེ་དག་ནག་གསུབ་གཏང་རྒྱུ་ཡིན།
- སྒེར་གྱི་གཞི་གྲངས་ཚོང་བསྒྱུར་མི་བྱེད་པ། ང་ཚོས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་ཚོང་བསྒྱུར་མི་བྱེད་ལ། དྲ་ཚིགས་ཕན་ཚུན་བར་གྱི་སྤྱོད་མཁན་གྱི་གོམས་གཤིས་ལ་གཞིགས་ནས་ཁྱབ་བསྒྲགས་ཀྱི་ཆེད་དུ་མཉམ་སྤྱོད་ཀྱང་མི་བྱེད།
༩. བདེ་འཇགས་དང་། དོ་དམ། ལག་བསྟར།
ང་ཚོས་རང་ཉིད་ཀྱི་གསང་སྲུང་ལམ་སྟོན་དང་མཐུན་པའི་ཐོག་ནས་རང་འགུལ་དང་མི་སྣས་ལྟ་རྟོག་བྱེད་པའི་ཐབས་ལམ་གཉིས་ཀ་བཀོལ་ནས། སྒྲིག་གཞི་འདིར་འགལ་འཛོལ་བྱུང་ཡོད་མེད་ལ་ལྟ་རྟོག་དང་། བསྐྱར་ཞིབ། ཁྲིམས་མཐུན་གནོད་སེལ་བཅས་བྱེད་ཅིང་། གལ་ཏེ་ཁྱེད་ཀྱིས་སྒྲིག་གཞི་འདི་འམ་འབྲེལ་ཡོད་ཁྲིམས་ལུགས་ལ་འགལ་ཡོད་པར་ངོས་འཛིན་བྱས་ཚེ། ང་ཚོས་སྔོན་ནས་བརྡ་ཐོ་གཏོང་བའམ་ཡང་ན་བརྡ་ཐོ་མ་བཏང་བར་གཤམ་གསལ་རྣམས་བྱེད་ཆོག ནང་དོན་ཕྱིར་འདོར་བ། ནུས་པ་དང་སྤྱོད་སྒོ་ཚད་འཛིན་བྱེད་པ། ཁྱེད་ཀྱི་ཁ་གཏད་ཡོངས་སུ་བཀག་སྡོམ་མམ་གཏན་ནས་འདོར་བ། དེ་བཞིན་ཁྲིམས་ཐོག་ནས་རེ་བ་བཏོན་པའམ་བདེ་འཇགས་ལ་ཉེན་ཁ་ཡོད་སྐབས་འབྲེལ་ཡོད་ལྷན་ཁང་ལ་སྙན་ཞུ་འབུལ་རྒྱུ་བཅས་ཡིན། ཁྱེད་ཀྱིས་མི་ཚུལ་དང་མི་མཐུན་པའི་བྱ་སྤྱོད་རིགས་སྙན་ཞུ་འབུལ་བའམ་ང་ཚོའི་ཐག་གཅོད་ལ་བསྐྱར་ཞིབ་བྱེད་དགོས་པའི་རེ་ཞུ་བཅས་གློག་འཕྲིན་([email protected]) བརྒྱུད་ཞུས་ཆོག
༡༠. ཕྱོགས་གསུམ་པའི་ཞབས་ཞུ་དང་འབྲེལ་མཐུད།
ཞབས་ཞུ་འདིའི་ནང་ཕྱོགས་གསུམ་པའི་དྲ་ཚིགས་ཁག་ལ་འབྲེལ་མཐུད་དང་། ཕྱོགས་གསུམ་པའི་རྨང་གཞིའི་འཕྲུལ་ཆས་ལ་བརྟེན་ཡོད་སྲིད། ང་ཚོས་དེ་དག་ལ་སྟངས་འཛིན་མི་བྱེད་ཅིང་། དེ་དག་གི་ནང་དོན་དང་། སྒྲིག་གཞི། ལག་ལེན་བཅས་ལ་འགན་འཁུར་གྱི་མེད། ཁྱེད་ཀྱིས་དེ་དག་བཀོལ་སྤྱོད་བྱེད་པ་ནི་དེ་དག་རང་གི་སྒྲིག་གཞི་ལམ་སྟོན་ལ་གཞི་གཟུང་དགོས།
༡༡. འགན་ལེན་མེད་པའི་གསལ་བཤད།
ཁྲིམས་ལུགས་ཀྱིས་གནང་བའི་ཆེས་མཐོའི་ཚད་གཞིའི་སྟེང་ནས། ཞབས་ཞུ་འདི་དང་ཐོན་འབྲས་ཡོངས་རྫོགས་ "དངོས་ཡོད་གནས་སྟངས" དང་ "འཆར་ཅན་ཡོད་མུས" ལྟར་མཁོ་སྤྲོད་བྱེད་ཀྱི་ཡོད་པས། འཚོང་རུང་བའི་རང་བཞིན་དང་། དམིགས་བསལ་དགོས་མཁོར་འཚམ་པའི་རང་བཞིན། ངེས་གཏན་འཁྲུལ་མེད། ཐོབ་ཐང་ལ་འགལ་འཛོལ་མེད་པ། ང་ཚོའི་ཞབས་ཞུ་འདི་ཉིད་ནམ་ཡང་བར་མི་ཆད་ཅིང་། སྐྱོན་ཆའམ་ནོར་འཁྲུལ་གཏན་ནས་མི་འབྱུང་བའི་འགན་ལེན་གང་ཡང་བྱེད་ཀྱི་མེད། སྒྲིག་གཞི་འདིའི་ནང་གི་གང་གིས་ཀྱང་མངོན་སུམ་དུ་ངེས་པར་སྲུང་སྐྱོབ་བྱ་དགོས་པའི་ཁྲིམས་ལུགས་འོག་འགོག་ཐབས་མེད་པའི་འགན་ལེན་ནམ་ཐོབ་ཐང་ཁག་ཕྱིར་འདོར་མི་བྱེད།
༡༢. འགན་ཁུར་གྱི་ཚད་འཛིན།
ཁྲིམས་ལུགས་ཀྱིས་གནང་བའི་ཆེས་མཐོའི་ཚད་གཞིའི་སྟེང་ནས། སྨོན་ལམ་དགེ་རྩ་ཚོགས་པ་དང་དེའི་འགན་འཛིན། ལས་བྱེད། མཐུན་རྐྱེན་སྦྱོར་མཁན། མཉམ་ལས་པ་བཅས་ཀྱིས་ཁྱེད་ཀྱིས་ཞབས་ཞུ་འདི་བཀོལ་སྤྱོད་བྱས་པའམ་བྱེད་མ་ཐུབ་པ། དེ་བཞིན་ཐོན་འབྲས་ལ་ཡིད་རྟོན་བྱས་པ་ལས་བྱུང་བའི་ཐད་ཀར་མ་ཡིན་པའི་གྱོང་གུད་དང་། ཞར་བྱུང་། དམིགས་བསལ། རྗེས་འབྲས། ཉེས་ཆད། ཡང་ན། ཁེ་བཟང་དང་། གཞི་གྲངས། སྙན་གྲགས། ཚོང་ལས་བཅས་ཤོར་བའི་གྱོང་གུད་གང་ལའང་འགན་འཁུར་རྒྱུ་མིན།
༡༣. ཞབས་ཞུ་མཚམས་འཇོག་དང་ཐོ་ཁོངས་ནག་གསུབ།
ཁྱེད་ཀྱིས་སྐབས་དུས་གང་ལའང་ཞབས་ཞུ་འདི་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་བྱེད་ཆོག་ལ་རང་གི་ཐོ་ཁོངས་སྒོ་བརྒྱབ་ཀྱང་ཆོག སྒྲིག་གཞི་འདིར་འགལ་འཛོལ་བྱས་པའམ། ཁྲིམས་ལུགས་དང་མཉེན་ཆས་བདེ་འཇགས་ཀྱི་ཉེན་ཁ་ཡོད་པ། དུས་ཡུན་རིང་པོར་བེད་སྤྱོད་མ་བྱས་པར་ལུས་པ། ཡང་ན། ཞབས་ཞུ་གང་ཡང་རུང་བ་ཞིག་རྩིས་མེད་བཏང་བ་བཅས་ཀྱི་རྐྱེན་གྱིས་ང་ཚོས་ཁྱེད་ཀྱི་སྤྱོད་སྒོ་མཚམས་འཇོག་གམ་མཇུག་སྒྲིལ་བྱེད་སྲིད། རང་བཞིན་གྱི་ཆ་ནས་མངོན་པར་གནས་དགོས་པའི་དོན་ཚན་ཁག་ (དོན་ཚན་ ༦ དང་། ༧། ༡༡ ནས་ ༡༣། ༡༦ བཅས་) ནི་ཞབས་ཞུ་མཚམས་འཇོག་བྱས་པའི་རྗེས་སུའང་ནུས་པ་རང་སོར་གནས་ངེས་ཡིན། རེ་བ་བཏོན་པ་ལྟར་དང་ཁྲིམས་ལུགས་ཀྱི་ཉར་ཚགས་འགན་ཁུར་ལ་གཞིགས་ནས། ང་ཚོས་གསང་སྲུང་ལམ་སྟོན་ལྟར་ཁྱེད་ཀྱི་ཐོ་ཁོངས་གཞི་གྲངས་རྣམས་ནག་གསུབ་བྱ་རྒྱུ་ཡིན།
༡༤. བསྐྱར་བཅོས།
ང་ཚོས་སྐབས་རེར་སྒྲིག་གཞི་ལམ་སྟོན་འདིར་བསྐྱར་བཅོས་བྱེད་སྲིད་པས། སྐབས་དེར་ "བསྐྱར་བཅོས་མཐའ་མའི་དུས་ཚེས" གསར་པ་བཀོད་དེ་འགྲེམས་སྤེལ་བྱ་རྒྱུ་ཡིན་ཞིང་། གལ་ཆེའི་བསྐྱར་བཅོས་རིགས་ལ་དྲ་ཚིགས་ཀྱི་གསལ་བསྒྲགས་སམ་གློག་འཕྲིན་སོགས་བརྒྱུད་ནས་སྔོན་བརྡ་གཏང་རྒྱུ་ཡིན། དངོས་སུ་ལག་བསྟར་བྱེད་པའི་དུས་ཚེས་ཀྱི་རྗེས་སུ་རྒྱུན་མཐུད་ནས་བཀོལ་སྤྱོད་བྱས་པ་དེས་ཁྱེད་ཀྱིས་བསྐྱར་བཅོས་དེ་དག་ལ་དང་ལེན་བྱས་པར་བརྩི་རྒྱུ་ཡིན། གལ་ཏེ་མོས་མཐུན་མེད་ཚེ་ཞབས་ཞུ་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་དགོས།
༡༥. འབྲེལ་ཡོད་ཁྲིམས་ལུགས་དང་རྩོད་ཉོག
སྒྲིག་གཞི་ལམ་སྟོན་འདི་ནི་ཁྲིམས་ལུགས་ནང་ཁུལ་འགལ་ཟླའི་འགྲོ་ལུགས་ལ་མ་ལྟོས་པར། རྒྱ་གར་གྱི་ཁྲིམས་ལུགས་འོག་སྟངས་འཛིན་བྱེད་ཀྱི་ཡོད་ལ། རྒྱ་གར་དྷ་རམ་ས་ལའི་ཁྲིམས་ཁང་ལ་དམིགས་བསལ་ཁྱབ་ཁོངས་འགན་དབང་ཡོད། འོན་ཀྱང་འདིས་འཛད་སྤྱོད་པ་རྣམས་རང་ཉིད་གནས་སྡོད་བྱ་སའི་རྒྱལ་ཁབ་ཀྱི་ངེས་པར་སྲུང་སྐྱོབ་དགོས་པའི་ཁྲིམས་ལུགས་འོག་གི་ཐོབ་ཐང་དང་། ཁྲིམས་ལུགས་ཀྱིས་གནང་བ་ལྟར་གནས་ཡུལ་ས་གནས་ཀྱི་ཁྲིམས་ཁང་ལ་ཞུ་གཏུག་བྱེད་པའི་ཐོབ་ཐང་རྣམས་རྩིས་མེད་གཏོང་གི་མེད།
༡༦. ཁྲིམས་གཞི་བརྩི་སྲུང་།
- ཕྱིར་ཚོང་དང་ཉེས་ཆད། ཁྱེད་ཀྱིས་ཕྱིར་ཚོང་སྟངས་འཛིན་ནམ་ཉེས་ཆད་ཀྱི་ཁྲིམས་ལུགས་ཁག་དང་འགལ་ཏེ་ཞབས་ཞུ་འདི་བཀོལ་སྤྱོད་དམ་ཕྱིར་ཚོང་། བསྐྱར་དུ་ཕྱིར་ཚོང་བཅས་བྱེད་མི་ཆོག
- ཀུན་གྱིས་སྤྱོད་བདེ་བ། ང་ཚོས་དྲ་ཚིགས་འདི་ཉིད་དབང་པོ་མི་གསལ་བ་རྣམས་ཀྱང་འཇུག་བདེ་བོར་ (WCAG 2.1 AA ཡི་དམིགས་ཚད་ལྟར།) བཟོ་རྒྱུའི་རེ་བ་བྱེད་ཀྱི་ཡོད། བཀོལ་སྤྱོད་ལ་དཀའ་ངལ་བྱུང་ཚེ་ [email protected] ཐོག་འབྲེལ་བ་གནང་རོགས།
- མིས་བཟོས་རིག་ནུས་ཀྱི་ཁྲིམས་སྲོལ། ང་ཚོར་འབྲེལ་བ་ཆགས་པའི་སྐབས་སུ། ཡོ་རོབ་མཐུན་ཚོགས་ཀྱི་མིས་བཟོས་རིག་ནུས་བཅའ་ཁྲིམས་ (EU AI Act) ཀྱིས་གཏན་ལ་ཕབ་པའི་རིག་ནུས་དང་སྐད་ཆ་བཤད་ཕྱོགས་དང་། རིག་ནུས་ཀྱིས་བཟོས་པའི་ནང་དོན་རྣམས་ "མིས་བཟོས་རིག་ནུས་ཀྱིས་བཟོས་པ་ཡིན་པ" གསལ་སྟོན་བྱ་དགོས་པའི་རེ་བ་ལྟར། ང་ཚོས་རིག་ནུས་ཀྱི་ཁ་གསལ་རང་བཞིན་དང་བདེ་འཇགས་ཀྱི་ཁྲིམས་ལུགས་འགན་ཁུར་ཁག་སྲུང་བརྩི་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
- གཞུང་དང་ཁྲིམས་དོན་གྱི་རེ་འདུན། ཁྲིམས་མཐུན་གྱི་འགྲོ་ལུགས་ (Valid legal process) ལ་གཞིགས་ནས་དགོས་ངེས་བྱུང་ཚེ་ང་ཚོས་གཞི་གྲངས་གསལ་སྟོན་བྱེད་སྲིད་ལ། ཁྲིམས་མཐུན་ཡིན་ཚེ་ང་ཚོས་ཕོག་ཐུག་བྱུང་བའི་སྤྱོད་མཁན་རྣམས་ལ་བརྡ་ལན་གཏོང་རྒྱུ་ཡིན།
༡༧. སྤྱི་ཡོངས་ཀྱི་དོན་ཚན།
- གན་རྒྱ་ཡོངས་རྫོགས། སྒྲིག་གཞི་ལམ་སྟོན་འདི་དང་། གསང་སྲུང་ལམ་སྟོན། དེ་བཞིན་ལས་གཞི་བྱེ་བྲག་པའམ་ཐོན་ཁུངས་མཉམ་སྤྱོད་ཆོག་མཆན་གྱི་དོན་ཚན་ཁག་བཅས་ཀྱིས། ང་ཚོའི་བར་གྱི་གཞུང་དོན་གན་རྒྱ་ཡོངས་རྫོགས་གྲུབ་ཡོད།
- དབྱེ་འབྱེད་ནུས་པ། གལ་ཏེ་དོན་ཚན་གང་རུང་ཞིག་ལག་བསྟར་བྱེད་མི་ཐུབ་པ་བྱུང་ཡང་། དོན་ཚན་གཞན་རྣམས་ཀྱི་ནུས་པ་རང་སོར་གནས་རྒྱུ་ཡིན།
- འདོར་ལེན་མི་བྱེད་པ། དོན་ཚན་གང་རུང་ཞིག་ལག་བསྟར་མ་བྱས་པ་དེས་དོན་ཚན་དེ་ཉིད་དོར་བའམ་རྩིས་མེད་བཏང་བ་མི་མཚོན།
- དབང་ཆ་འཕོ་འགྱུར། ང་ཚོའི་ཆོག་མཆན་མེད་པར་ཁྱེད་ཀྱིས་སྒྲིག་གཞི་ལམ་སྟོན་འདིའི་འོག་གི་དབང་ཆ་གཞན་ལ་འཕོ་འགྱུར་གཏོང་མི་ཆོག ང་ཚོས་ཞབས་ཞུ་ཁག་བསྐྱར་སྒྲིག་བྱེད་པའམ། ཡང་ན་སྤོ་བསྒྱུར་གཏོང་བའི་སྐབས་སུ་འཕོ་འགྱུར་བྱེད་ཆོག
- སྐད་ཡིག སྒྲིག་གཞི་ལམ་སྟོན་འདི་ཉིད་སྤྱོད་བདེའི་ཆེད་དུ་བོད་ཡིག་དང་དབྱིན་ཡིག་གཉིས་ཀའི་ཐོག་མཁོ་སྤྲོད་བྱེད་ཀྱི་ཡོད། གལ་ཏེ་སྐད་ཡིག་གཉིས་ཀྱི་འགྱུར་ཡིག་བར་མི་མཐུན་པ་བྱུང་ཚེ། ཡུལ་ཁྲིམས་ཀྱི་དགག་བྱ་དགོས་པ་དམིགས་བསལ་བ་ལས་གཞན། བོད་ཡིག་གི་ཁ་གསལ་ཚིག་སྒྲོས་ལ་རྩ་འཛིན་བྱ་རྒྱུ་ཡིན།
- ཤན་ཤུགས་ཆེ་བ། ང་ཚོའི་ཚོད་འཛིན་ལས་འདས་པའི་གནད་དོན་གྱི་རྐྱེན་པས་འགོར་འགྱངས་སམ་ལྷོད་གཡེང་བྱུང་རིགས་ལ་ང་ཚོས་འགན་ཁུར་ལེན་རྒྱུ་མིན།
༡༨. འབྲེལ་ལམ་དང་ཞུ་གཏུག་འགན་འཛིན།
སྤྱི་ཁྱབ་དང་ཁྲིམས་དོན། [email protected] གསང་སྲུང་དང་གཞི་གྲངས་སྲུང་སྐྱོབ་འགན་འཛིན། [email protected] ཞུ་གཏུག་འགན་འཛིན། (India, IT Rules 2021 / DPDP Act): ཞེས་པའི་འོག་བསྟན་འཛིན་འཕྲིན་ལས། ([email protected]) ལན་འདེབས་དུས་ཡུན། ང་ཚོར་ཞུ་ཡིག་འབྱོར་ནས་ཆུ་ཚོད་ ༢༤ ཡི་ནང་ཚུན་དུ་འབྱོར་ལན་གཏོང་རྒྱུ་དང་། ཉིན་ ༡༥ ཡི་ནང་ཚུན་དུ་དཀའ་ངལ་སེལ་ཐུབ་པ་བྱ་རྒྱུའི་དམིགས་ཚད་འཛིན་གྱི་ཡོད།