སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠

བོད་ཀྱི་སྒྲ་སྐད་གྲངས་འཛིན་དུས་རབས་སུ་བསྐྱོད་པ།

Monlam STT

སྨོན་ལམ་རིག་ནུས་བཟོ་སྐྲུན་ཚན་པ།

བོད་ཀྱི་སྐད་ཡིག་འདི་ཉིད་དཔེ་དེབ་དང་ཡིག་ཆ་ཁོ་ནའི་ནང་དུ་གནས་པ་ཙམ་མིན་པར། མི་རབས་ནས་མི་རབས་སུ་བརྒྱུད་པའི་གཏམ་གླེང་དང་། གསུང་ཆོས། བཅར་འདྲི། གླུ་གཞས་སོགས་ངག་ཐོག་རིག་གནས་ཀྱི་ཁྲོད་དུའང་གསོན་པོར་གནས་ཡོད།

འོན་ཀྱང་། རིག་གནས་འདི་དག་གི་ཆ་ཤས་མང་པོ་ཞིག་སྒྲ་འཇུག་རྒྱུ་ཆའི་རྣམ་པ་ཁོ་ནར་ལྷག་ཡོད་པས། དེང་རབས་ཀྱི་འཕྲུལ་རིག་ལག་རྩལ་བཀོལ་ནས་བཤེར་འཚོལ་དང་། ཉར་ཚགས། ལོ་ཙཱ་བྱེད་པ་སོགས་སུ་བེད་སྤྱོད་གཏོང་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད།

སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠ འདི་ནི། བོད་སྐད་ལ་ཆེད་དམིགས་ཀྱིས་བཟོས་པའི་སྒྲ་སྐད་ངོས་འཛིན་མ་ལག་ཅིག་ཡིན། འདིས་བོད་སྐད་ཀྱི་གསུང་བཤད་ལ་ཉན་ནས་ཐད་ཀར་ཡིག་འབེབས་བྱེད་ཐུབ་པས། གྲངས་འཛིན་གྱི་དུས་རབས་འདིར་བོད་ཀྱི་ཤེས་བྱ་རིག་གནས་རྣམས་ཐུན་མོང་གིས་ལོངས་སུ་སྤྱོད་པར་ཕན་ཐོགས་དང་ནུས་པ་བླ་ལྷག་འདོན་ཐུབ།

ཡ་ཨ་མའི་གཅེས་ཕྲུག་གཉིས་ཀ་ཤོག་ཤོག་ཤོག ལོ་ཆུ་འཐུང་ང་དོངས་ང་དི་ནས་ད་ཀ་ར་ཟོ་ཡ། ད་ལོ་ཆུ་འཐུང་དགོས་ནི་རེད། ཤོག་ར་ཨ་མ་གིས་གཏོ་མ་གཏོལ་ཡས་འོ་ཇ་བསྐོལ་བཞག་ཡོད་ཡ། ཨ་མའི་ལོ་ལོ་གཉིས་ཀ་གན་ནས་ཙོག་ག་དོངས།

སྒྲ་སྐད་ངོས་འཛིན་ཅིའི་ཕྱིར་གལ་གནད་ཆེའམ།

ཉིན་རེ་བཞིན། བོད་སྐད་སྨྲ་མཁན་ཚོས་རང་གི་ངག་སྒྲོས་བརྒྱུད་ནས་རིན་ཐང་བླ་ལྷག་ལྡན་པའི་ཤེས་བྱ་རིག་གནས་གསར་སྐྲུན་བྱེད་བཞིན་ཡོད།

དེའང་གསུང་ཆོས་དང་། ངག་རྒྱུན་ལོ་རྒྱུས། འབེལ་གཏམ། བཅར་འདྲི། ཚོགས་འདུ། རྒྱུན་ལྡན་གྱི་ཁ་བརྡ་གླེང་མོལ་བཅས་ཐམས་ཅད་ཀྱི་ཁྲོད་དུ་ཉར་ཚགས་བྱེད་རིན་ཡོད་པའི་གནས་ཚུལ་མང་པོ་འདུས་ཡོད། འོན་ཀྱང་། དེ་དག་སྒྲ་འཇུག་རྒྱུ་ཆ་ཁོ་ནར་ལྷག་པ་ཡིན་ན། ད་གཟོད་བཤེར་འཚོལ་དང་། གོ་རིམ་སྒྲིག་པ། ཕན་ཚུན་བགོ་འགྲེམས་བྱེད་པ་སོགས་ལ་དཀའ་ངལ་འཕྲད་ངེས་ཡིན།

དེར་བརྟེན། སྒྲ་སྐད་ངོས་འཛིན་ལག་རྩལ་གྱིས་གནད་དོན་དེ་རིགས་རྨང་ནས་སྒྱུར་ཐུབ་ལ། སྨོན་ལམ་སྒྲ་འཛིན་རིག་ནུས་ཀྱིས་བོད་ཀྱི་སྒྲ་སྐད་རྣམས་ཡི་གེར་ཕབ་པ་བརྒྱུད།

གཤམ་གསལ་ལས་དོན་ཁག་སྔར་ལས་སྟབས་བདེ་བོར་སྒྲུབ་ཐུབ།

  • ངག་ཐོག་ཤེས་བྱ་ཉར་ཚགས།
  • བརྙན་ཡིག་གསར་བཟོ་དང་ཡིག་འབེབས།
  • སྒྲ་འཇུག་རྒྱུ་ཆའི་ཁྲོད་བཤེར་འཚོལ་བྱེད་པ།
  • དྲ་ཐོག་ལས་རིམ་རྣམས་ཀུན་གྱིས་སྤྱོད་བདེ་བོར་བཟོ་བ།
  • མ་འོངས་པའི་བོད་ཀྱི་མིས་བཟོས་རིག་ནུས་བཀོལ་སྤྱོད་ལས་རིམ་གསར་སྐྲུན།

སྨོན་ལམ་སྒྲ་འཛིན་རིག་ནུས་ནི་བོད་ཀྱི་སྒྲ་སྐད་འདི་ཉིད་མ་འོངས་པའི་འཕྲུལ་རིག་ལག་རྩལ་གྱི་ཆ་ཤས་ཤིག་ཏུ་གནས་ཐུབ་པའི་ཆེད་དུ་བྱུང་བ་ཡིན།

Monlam STT

བོད་ཀྱི་སྒྲ་སྐད་ངོས་འཛིན་མ་ལག་གསར་སྐྲུན་བྱེད་པའི་ཁྲོད་ཀྱི་དཀའ་ངལ།

བོད་སྐད་ཀྱི་སྒྲ་སྐད་ངོས་འཛིན་མ་ལག་ཅིག་གསར་སྐྲུན་བྱེད་པ་ནི། ད་ཡོད་ཀྱི་གཞི་གྲངས་ཁོ་ནའི་སྟེང་ནས་རིག་ནུས་དཔེ་གཞི་ཞིག་ལ་སྦྱོང་བརྡར་སྤྲད་པ་ཙམ་གྱིས་ལས་སླ་པོར་འགྲུབ་ཐུབ་པ་ཞིག་མིན།

དེའི་སྔོན་ལ་དམིགས་བསལ་གྱི་དཀའ་ངལ་འགའ་ཤས་ཤིག་ཐག་གཅོད་བྱེད་དགོས།

༡། སྒྲ་སྐད་གཞི་གྲངས་ལྡེང་ངེས་མེད་པ།

དེང་རབས་ཀྱི་སྒྲ་སྐད་ངོས་འཛིན་མ་ལག་རྣམས་ལ། སྒྲ་སྐད་དང་ཡིག་འབེབས་གཉིས་ཀ་ཚད་དང་ལྡན་པའི་ཆུ་ཚོད་སྟོང་ཕྲག་མང་པོའི་སྒྲ་འཇུག་རྒྱུ་ཆ་དགོས།

འོན་ཀྱང་། བོད་སྐད་ལ་མཚོན་ན། ལོ་རྒྱུས་ཐོག་འདི་འདྲའི་རྒྱུ་ཆའི་རིགས་ཧ་ཅང་དཀོན་པོ་ཆགས་ཡོད།

ང་ཚོའི་ལག་བསྟར།

སྨོན་ལམ་རིག་ནུས་ཚན་པས་ཡོང་ཁུངས་འདྲ་མིན་ནས་སྒྲ་སྐད་རྒྱུ་ཆ་སྣ་ཚོགས་བསྡུ་རུབ་བྱས་པར་མ་ཟད། སྐད་ཡིག་ཆེད་མཁས་པ་དང་། ལས་འདིར་གཟབ་ནན་དང་སྙིང་རུས་ཆེན་པོས་ཞིབ་བཤེར་གནང་མཁན་ཚོ་མཉམ་ཞུགས་ཀྱིས་རྒྱ་ཆེ་བའི་ཡིག་འབེབས་ལས་གཞི་ཞིག་གི་མགོ་བཙུགས་པ་ཡིན།

གྲུབ་འབྲས།

ད་ལྟའི་ཆར་སྨོན་ལམ་སྒྲ་འཛིན་རིག་ནུས་འདི་ནི། རུ་ངར་ཞིབ་ཚགས་ཀྱི་སྒོ་ནས་གྲ་སྒྲིག་བྱས་པའི་བོད་ཀྱི་སྒྲ་སྐད་གཞི་གྲངས་ཆུ་ཚོད་ ༢,༤༠༠ ལྷག་གི་སྦྱོང་བརྡར་སྤྲད་ཡོད་པས། འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་སྒྲ་སྐད་རྒྱུ་ཆ་བསྡུ་རུབ་བྱས་པ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

༢། ཡུལ་སྐད་མི་འདྲ་བ་མང་པོ་ཡོད་པ།

བོད་སྐད་ལ་ས་གནས་སོ་སོར་བཤད་སྟངས་མི་གཅིག་པའི་ཡུལ་སྐད་འདྲ་མིན་སྣ་ཚོགས་ཡོད།

གལ་ཏེ་རིག་ནུས་དཔེ་གཞི་ཞིག་ལ་ཡུལ་སྐད་གཅིག་ཁོ་ནའི་སྟེང་ནས་སྦྱོང་བརྡར་སྤྲད་པ་ཡིན་ན། ས་ཁུལ་གཞན་གྱི་སྐད་ཆ་ཤོད་མཁན་ཚོའི་སྐད་ཆར་གོ་བ་ལེན་རྒྱུར་དཀའ་ངལ་འཕྲད་སྲིད།

ང་ཚོའི་ལག་བསྟར།

སྨོན་ལམ་རིག་ནུས་ཚན་པས་བོད་ཀྱི་རྒྱ་ཆེའི་ཡུལ་སྐད་ཆེན་པོ་གསུམ་གྱི་ཁྱབ་ཁོངས་ས་ཁུལ་ནས་སྒྲ་སྐད་རྒྱུ་ཆ་བསྡུ་རུབ་བྱས་པ་ཡིན།

  • ཨ་མདོ།
  • ཁམས།
  • དབུས་གཙང་།

གྲུབ་འབྲས།

ད་ལྟའི་ཆར་སྨོན་ལམ་སྒྲ་འཛིན་རིག་ནུས་ཀྱིས་ཡུལ་སྐད་ཆེན་པོ་གསུམ་གྱི་སྒྲ་སྐད་ཆ་ཚང་ལ་གོ་བ་ལེན་ཐུབ་ཀྱི་ཡོད་པས། འདིས་ས་གནས་འདྲ་མིན་གྱི་སྐད་ཆ་ཤོད་མཁན་རྒྱ་ཆེའི་མང་ཚོགས་ལ་ཕན་ཐོགས་ཆེན་པོ་བྱེད་ཐུབ།

༣། ཡིག་འབེབས་ཚད་གཞི་གཅིག་གྱུར་མེད་པ།

སྒྲ་སྐད་རིག་ནུས་མ་ལག་གིས་སྦྱོང་བརྡར་མ་བྱས་པའི་སྔོན་ལ། ངག་ཐོག་གི་སྐད་ཆ་དེ་དག་གཅིག་གྱུར་ངེས་བརྟན་གྱི་སྒོ་ནས་ཡི་གེར་འབེབས་དགོས།

འོན་ཀྱང་། ད་སྔར་འདི་འབྲེལ་གྱི་ཚོགས་པ་དང་ལས་གཞི་སྣ་ཚོགས་ཁྲོད་བོད་ཡིག་གི་ཡིག་འབེབས་ལག་ལེན་བྱེད་སྟངས་གཅིག་གྱུར་ཞིག་ད་དུང་ཡང་བྱུང་མེད།

ང་ཚོའི་ལག་བསྟར།

སྨོན་ལམ་རིག་ནུས་ཚན་པས་བོད་ཀྱི་སྐད་ཡིག་ཆེད་མཁས་པ་ཚོ་དང་ལྷན་དུ་འབྲེལ་བ་དམ་ཟབ་ཀྱིས་མཉམ་ལས་བྱས་ཏེ། གཅིག་གྱུར་གྱི་ཡིག་འབེབས་ལམ་སྟོན་རྩ་འཛིན་དང་། ཞིབ་ཚགས་པའི་བསྐྱར་ཞིབ་བརྒྱུད་རིམ་ཞིག་གསར་སྐྲུན་བྱས་པ་ཡིན།

གྲུབ་འབྲས།

དེ་རིང་ང་ཚོས་ “སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་བཞི་པ།” གསར་དུ་འགྲེམས་སྤེལ་བྱས་པ་ཡིན། སྤྱོད་མཁན་ཀུན་གྱིས་སྨོན་ལམ་རིག་ནུས་དྲ་ཚིགས་(monlam.ai)བརྒྱུད་ནས་ཅི་དགར་བེད་སྤྱོད་བྱེད་ཆོག འདི་ནི་ད་ལྟའི་བར་ང་ཚོས་གསར་གཏོད་བྱས་པའི་ནུས་པ་དང་ཕན་འབྲས་ཆེ་ཤོས་ཀྱི་སྒྲ་སྐད་ཡིག་འབེབས་དཔེ་གཞི་ཞིག་ཡིན་པར་མ་ཟད། སྔོན་ཆད་ཡོད་པའི་བོད་ཡིག་གི་རང་འགུལ་སྒྲ་འཛིན་མ་ལག་ (ASR models) ཡོངས་ལས་ཁྱད་དུ་འཕགས་པ་ཞིག་ཡིན།

གཏོང་བཀླག་བྱས་ནས་སྒྲ་ཡིག་འགྱུར་བ་ལ་ལྟ་རོགས།

སྨོན་ལམ་སྒྲ་འཛིན་རིག་ནུས་ཀྱིས་ཅི་ཞིག་བྱེད་ཐུབ་བམ།

སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠ ཡིས་གཤམ་གསལ་རྒྱ་ཆེ་བའི་སྤྱོད་སྒོ་ཁག་གི་ཆེད་དུ་བོད་ཀྱི་སྒྲ་སྐད་རྣམས་ཐད་ཀར་ཡིག་འབེབས་བྱེད་ཐུབ།

  • བཅར་འདྲི།
  • ཁ་བརྡ་གླེང་མོལ།
  • གསུང་ཆོས།
  • གསུང་བཤད་དང་སློབ་ཁྲིད།
  • འབེལ་གཏམ།
  • བརྒྱུད་ལམ་གནས་ཚུལ།
  • སྒྲ་འཇུག་ལོ་རྒྱུས།

སྤྱོད་མཁན་ཚོས་ཆུ་ཚོད་མང་པོར་མིའི་ལག་པ་ཁོ་ནར་བརྟེན་ནས་ཡིག་འབེབས་བྱེད་པའི་ངལ་བ་བསྟེན་མི་དགོས་པར། སྒྲ་འཇུག་རྒྱུ་ཆ་ནས་རང་འགུལ་གྱིས་ཡི་གེ་སྐྲུན་ཐུབ།

དུས་ཐོག་སྒྲ་སྐད་ཡིག་འབེབས།

རྒྱུན་ལྡན་གྱི་ཡིག་འབེབས་མ་ལག་གི་སྟེང་དུ། སྨོན་ལམ་རིག་ནུས་ཚན་པས་ “སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠ ཐད་བསྒྱུར་མ་ལག” (Monlam STT v4 Live) ཅིག་ཀྱང་གསར་སྐྲུན་བྱས་ཡོད།

ཐོན་རིམ་འདིས་སྐད་ཆ་ཤོད་བཞིན་པའི་སྐབས་དེ་ག་རང་དུ་སྒྲ་སྐད་རྣམས་དུས་ཐོག་ཏུ་ཡིག་འབེབས་བྱེད་ཐུབ།

འདིའི་དམིགས་བསལ་སྤྱོད་སྒོ་ཁག་ནི་གཤམ་གསལ།

  • དུས་ཐོག་བརྙན་ཡིག
  • མི་མང་གསུང་བཤད།
  • ཚོགས་འདུ།
  • དྲ་ལམ་ལས་རིམ།
  • ཤེས་ཡོན་སློབ་ཁྲིད།

འདིས་སྤྱོད་མཁན་ཚོས་བོད་སྐད་ཤོད་བཞིན་པའི་སྐབས་དེར། མིག་མཐོང་ལག་ཟིན་དུ་ངག་ཐོག་གི་སྐད་ཆ་རྣམས་འཕྲལ་དུ་ཡི་གེའི་རྣམ་པར་འཆར་དུ་འཇུག་ཐུབ།

དུས་ཐོག་སྐད་སྒྱུར།

སྒྲ་སྐད་ངོས་འཛིན་བྱེད་པ་ནི་ཐོག་མའི་འཇུག་སྒོ་ཙམ་ཡིན།

སྨོན་ལམ་རིག་ནུས་ཚན་པས་བོད་སྐད་ཀྱི་ཆེད་དུ་དུས་ཐོག་སྐད་སྒྱུར་གྱི་ལག་ཆ་གསར་སྐྲུན་བྱེད་པར་ཡང་རོགས་འདེགས་བྱེད་བཞིན་ཡོད།

སྒྲ་སྐད་ངོས་འཛིན་དང་། འཕྲུལ་ཆས་ལོ་ཙཱ་(Machine Translation) གཉིས་ཟུང་འབྲེལ་གྱིས་ཁ་བརྡ་གླེང་མོལ་བྱེད་བཞིན་པའི་སྐབས་དེ་ག་རང་དུ་བོད་ཀྱི་སྒྲ་སྐད་རྣམས་ཡིག་འབེབས་བྱེད་ཐུབ་པར་མ་ཟད། སྐད་རིགས་གཞན་དུའང་ཐད་ཀར་སྒྱུར་ཐུབ།

འདིའི་མ་འོངས་པའི་སྤྱོད་སྒོ་ཁག་ནི་གཤམ་གསལ།

  • སྐད་རིགས་འདྲ་མིན་གྱི་ཚོགས་འདུ།
  • རྒྱལ་སྤྱིའི་བགྲོ་གླེང་ཚོགས་ཆེན།
  • སློབ་ཁྲིད་ཚོགས་ཁང་།
  • སྤྱི་ཚོགས་ལས་རིམ།
  • རྒྱལ་སྤྱིའི་མཉམ་ལས།

ང་ཚོའི་དམིགས་ཡུལ་ནི། བོད་སྐད་སྨྲ་མཁན་ཚོ་དང་འཛམ་གླིང་ཡོངས་ཀྱི་བར་ཕན་ཚུན་འབྲེལ་ལམ་བྱ་རྒྱུ་དེ་སྔར་ལས་སྟབས་བདེ་ཞིང་། ཐུན་མོང་གིས་སྤྱོད་སླ་བ་ཞིག་ཏུ་གཏོང་རྒྱུ་དེ་ཡིན།

ཡིག་འབེབས་དག་གཙང་གི་ཚད་གཞི་མཐོ་རུ་ཕྱིན་པ།

Monlam STT cloud

ལས་གཞིའི་གོམ་སྟབས་ཀྱི་ཚད་གཞི་འཇལ་བའི་ཕྱིར་སྨོན་ལམ་རིག་ནུས་ཚན་པས་སྐད་ཆ་ཤོད་མཁན་མི་འདྲ་བ་དང་། ཡུལ་སྐད་མི་གཅིག་པ། སྒྲ་འཇུག་གི་ཁོར་ཡུག་འདྲ་མིན་བཅས་འདུས་པའི་ “བོད་ཀྱི་སྒྲ་སྐད་བརྟག་ཞིབ་ཚན་པ་” ཞིག་བཀོལ་ནས་རིག་ནུས་དཔེ་གཞི་འདིར་བསྐྱར་ཞིབ་དང་ཚོད་ལྟ་བྱས་པ་ཡིན།

ཚོད་ལྟའི་གྲུབ་འབྲས་ལས་སྔོན་གྱི་ཐོན་རིམ་ཁག་ལས་མངོན་གསལ་གྱིས་ཡར་རྒྱས་ཕྱིན་ཡོད་པ་གསལ་པོར་མངོན།

ཡར་རྒྱས་གཙོ་བོ་ཁག

  • བོད་ཀྱི་སྒྲ་སྐད་ངོས་འཛིན་མ་ལག་ཚོད་ལྟ་བྱས་པ་ཐམས་ཅད་ཀྱི་ཁྲོད་ནས། སྤྱི་ཡོངས་ཀྱི་ནུས་པ་འདོན་སྤེལ་བྱེད་སྟངས་ལེགས་ཤོས་སུ་གྱུར་པ།
  • སྔོན་གྱི་ཐོན་རིམ་ལས་ཀྱང་ནུས་པ་ཆེ་ཤོས་ཀྱི་དཔེ་གཞི་དེ་ལས་བརྒྱ་ཆ་ ༢༣ (23%) ཙམ་གྱིས་ཡར་རྒྱས་ཕྱིན་པ།
  • བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་ཁྱབ་ཁོངས་ཡོངས་ལ་ཕུལ་དུ་བྱུང་བའི་ནུས་པ་སྟོན་ཐུབ་པ།
  • ཡི་གེ་ནོར་འཁྲུལ་གྱི་བརྒྱ་ཆ་དེ་ ༡༦.༢༢% བར་དུ་མར་གཅོག་ཐུབ་པ་བྱུང་བ།

གྲངས་འཛིན་གྱི་རྒྱུ་ཆ་ཧ་ཅང་ཉུང་བའི་སྐད་ཡིག་ཅིག་ལ་མཚོན་ན། འདི་ནི་ལོ་རྒྱུས་རང་བཞིན་གྱི་ལམ་ཚད་རྡོ་རིང་ལྟ་བུའི་གྲུབ་འབྲས་ཤིག་རེད།

ཡར་རྒྱས་འདི་དག་གི་དོན་སྙིང་ཅི་ཞིག་ཡིན།

Monlam STT pattern

ཡིག་སྒྲོས་དག་གཙང་གི་ཚད་གཞི་མཐོ་རུ་ཕྱིན་པ་འདི་ནི་ལག་རྩལ་གྱི་གྲུབ་འབྲས་ཙམ་ཞིག་མ་ཡིན་པར། དེས་དངོས་ཡོད་འཚོ་བའི་ཁྲོད་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཆེན་པོ་བྱེད་ཐུབ།

ངག་ཐོག་ལོ་རྒྱུས་ཉར་ཚགས་བྱེད་པ།

ལོ་རྒྱུས་དང་འབྲེལ་བའི་བཅར་འདྲི་སྒྲ་འཇུག་དང་། སྤྱི་ཚོགས་ཀྱི་ཡིག་ཚགས་རྣམས་ཡིག་ཐོག་ཏུ་ཕབ་སྟེ་འཚོལ་བཤེར་བྱེད་ཆོག་པའི་ཡིག་རྐྱང་གི་རྣམ་པར་སྒྱུར་ཐུབ།

ཆོས་དང་ཤེས་ཡོན་ལ་རྒྱབ་སྐྱོར་བྱེད་པ།

སྒྲ་འཇུག་ཟིན་པའི་གསུང་ཆོས་དང་སློབ་ཁྲིད་རྣམས་སྟབས་བདེའི་སྒོ་ནས་ཡིག་འབེབས་བྱེད་ཐུབ་པར་མ་ཟད། འགྲེམས་སྤེལ་ཡང་སྔར་ལས་སྟབས་བདེ་བོར་བྱེད་ཐུབ།

བརྒྱུད་ལམ་གསར་སྐྲུན་པ་ཚོར་རོགས་རམ་བྱེད་པ།

གསར་འགོད་པ་དང་། འབེལ་གཏམ་མཁན། དྲ་ཐོག་ལས་རིམ་བཟོ་མཁན་ཚོས་ཡིག་འབེབས་དང་བརྙན་ཡིག་རྣམས་སྔར་ལས་མགྱོགས་པའི་སྒོ་ནས་བཟོ་སྐྲུན་བྱེད་ཐུབ།

ཀུན་གྱིས་སྤྱོད་བདེ་བའི་རང་བཞིན་ཇེ་ལེགས་སུ་གཏོང་བ།

ཡི་གེ་ཀློག་པར་དགའ་བའི་མི་རྣམས་ཀྱིས། ཡིག་འབེབས་རྒྱུ་ཆ་བརྒྱུད་ནས་ངག་ཐོག་གི་ནང་དོན་རྣམས་ལས་སླ་པོར་ལོངས་སུ་སྤྱོད་ཐུབ།

མ་འོངས་པའི་དམིགས་ཚད།

སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠ ནི་ང་ཚོའི་མདུན་སྐྱོད་ཀྱི་གོམ་སྟབས་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་ད་དུང་ཡང་མུ་མཐུད་ནས་བསྒྲུབ་དགོས་པའི་ལས་ཀ་མང་པོ་ལྷག་ཡོད།

མ་འོངས་འཆར་གཞི་ཁག

  • སྒྲ་སྐད་གཞི་གྲངས་ཀྱི་ཚན་པ་རྒྱ་སྐྱེད་གཏོང་བ།
  • ཡུལ་སྐད་ཚང་མའི་ཁྲོད་ཀྱི་ཡིག་སྒྲོས་དག་གཙང་གི་ཚད་གཞི་ཇེ་ལེགས་སུ་གཏོང་བ།
  • དུས་ཐོག་སྐད་སྒྱུར་ལག་རྩལ།
  • མེ་ལོང་རིག་ནུས་སྡིངས་ཆ་(Melong AI Studio)བརྒྱུད་ནས་མཉེན་ཆས་བཟོ་སྐྲུན་པའི་སྦྲེལ་མཐུད་ལག་ཆ་(APIs)མཁོ་སྤྲོད་བྱ་རྒྱུ།
  • སྒྲ་སྐད་ཀྱི་ནུས་པ་ལྡན་པའི་རིག་ནུས་ལས་རོགས།
  • སྒྲ་སྐད་འཚོལ་བཤེར་དང་ཤེས་བྱའི་མ་ལག

ང་ཚོའི་ཕུགས་རྒྱང་རིང་བའི་དམིགས་ཡུལ་ནི། སྒྲ་སྐད་ངོས་འཛིན་གྱི་མ་ལག་ཅིག་བཟོ་རྒྱུ་ཙམ་མ་ཡིན་པར། བོད་ཀྱི་སྒྲ་སྐད་ལག་རྩལ་གྱི་མ་ལག་ཆ་ཚང་ཞིག་གསར་སྐྲུན་བྱ་རྒྱུ་དེ་ཡིན།

མཇུག་བསྡུ་བ།

དུས་རབས་མང་པོའི་རིང་ལ། བོད་ཀྱི་ཤེས་རིག་གི་ཉིང་བཅུད་རྣམས་ངག་ཐོག་ནས་གཅིག་གཅིག་ལ་ཕན་ཚུན་བརྒྱུད་སྤྲོད་བྱས་ཏེ་བྱུང་བ་ཡིན།

སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠ ཡིས་ངག་ཐོག་གི་ཤེས་རིག་དེ་དག་གྲངས་འཛིན་གྱི་འཇིག་རྟེན་དུ་དྲངས་ཏེ། བོད་ཀྱི་སྒྲ་སྐད་རྣམས་ཉར་ཚགས་བྱེད་པ་དང་། འཚོལ་བཤེར་བྱེད་པ། གཞན་ལ་བརྒྱུད་སྤེལ་བྱེད་པ། དེ་དག་ལ་ཚུལ་བཞིན་གོ་བ་ལེན་ཐབས་བཅས་ཀྱི་ཐད་ལ་སྔར་ལས་ལྷག་པའི་སྟབས་བདེ་བཟོ་བཞིན་ཡོད།

བོད་ཀྱི་སྐད་ཡིག་འདི་ཉིད་མིས་བཟོས་རིག་ནུས་ཀྱི་དུས་རབས་སུ་གོམ་པ་སྤོ་བཞིན་པའི་སྐབས་འདིར། སྒྲ་སྐད་འཕྲུལ་རིག་ལག་རྩལ་ནི་བོད་ཀྱི་ཤེས་རིག་དང་། ཁྱད་ནོར་རིག་གཞུང་། གོམས་སྲོལ་བཅས་མ་འོངས་པའི་མི་རབས་གསར་པ་ཚོའི་ཁྲོད་དུ་མུ་མཐུད་ནས་དར་ཞིང་རྒྱས་པར་བྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཏུ་འགྱུར་ངེས་ཡིན།

ད་ལྟའི་ཆར་སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠ འདི་ཉིད། སྨོན་ལམ་རིག་ནུས་(Monlam AI) དྲ་ཐོག་ནས་དངོས་སུ་བེད་སྤྱོད་བྱེད་ཐུབ་བོ།།