མེ་ལོང་ཐོན་རིམ་ ༢.༠

བོད་ཀྱི་སྐད་ཡིག་གི་ཆེད་དུ་བཟོས་པའི་མིས་བཟོས་རིག་ནུས་ཀྱི་དཔེ་གཞི།

བོད་ཀྱི་སྐད་ཡིག་ནི་ལོ་ངོ་སྟོང་ཕྲག་གི་རིག་གནས་ཏེ། ལྟ་གྲུབ་དང་། ལོ་རྒྱུས། རྩོམ་རིག། ཐུན་མིན་རིག་གཞུང་བཅས་ཀྱི་ཉིང་བཅུད་འདུས་པའི་གཏེར་ཁ་ལྟ་བུ་ཞིག་ཡིན། འོན་ཀྱང་། འཚོ་བ་དངོས་ཀྱི་ནང་འཕྲུལ་རིག་ལག་རྩལ་གྱི་གནས་བབ་ཉིན་རེ་བཞིན་གལ་ཆེར་འགྱུར་བཞིན་པའི་སྐབས་འདིར། བོད་ཀྱི་སྐད་ཡིག་འདི་ཉིད་མིས་བཟོས་རིག་ནུས་ཀྱི་མ་ལག་ནང་ཚུད་པ་ཙམ་གྱིས་མི་ཆོག་པར། རིག་ནུས་མ་ལག་དེ་དག་གིས་བོད་ཡིག་ལ་གོ་བ་ཡང་དག་པ་ཞིག་ལོན་ཐུབ་པར་བཟོ་རྒྱུ་ནི་ཧ་ཅང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།

མེ་ལོང་ཐོན་རིམ་ ༢.༠ ནི་སྨོན་ལམ་མིས་བཟོས་རིག་ནུས་ཚན་པས་བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་ལ་ཆེད་དམིགས་ཀྱིས་བཟོས་པའི་མིས་བཟོས་རིག་ནུས་ཀྱི་དཔེ་གཞི་ཞིག་ཡིན། འདི་ནི་བོད་ཀྱི་སྐད་ཡིག་འདི་སྐད་ཡིག་གཞན་གྱི་གྲས་སུ་ཁ་གསབ་བྱས་པ་ཙམ་ཞིག་མིན་པར། བོད་ཡིག་དངོས་སུ་འབྲི་སྟངས་དང་བཀོལ་སྤྱོད་བྱེད་སྟངས་ཀྱི་འགྲོས་ལྟར་གོ་བ་གཏིང་ཟབ་ལོན་ཐུབ་པའི་ཆེད་དུ་བཟོས་པ་ཞིག་ཡིན།

གཞི་རྩའི་དཀའ་གནད་ཁག

ཡིག་ཚོགས་ཆེན་པོ་གོ་བ་ལོན་པའི་ནུས་པ་ཇེ་ལེགས་སུ་བཏང་བ།

སྔོན་གྱི་ཐོན་རིམ་ཁག་གིས་ཡིག་ཚོགས་ཉུང་ཉུང་མ་གཏོགས་བཟོ་བཅོས་དང་ཀློག་འདོན་སོགས་བྱེད་ཐུབ་ཀྱི་མེད།

ད་ལྟ་མེ་ལོང་ཐོན་རིམ་ ༢.༠ ཡིས་ཡིག་ཆ་ཧ་ཅང་རིང་པོ་ (ཚིག་གི་ཆ་ཤས་ ༡༣༠,༠༠༠ 130,000 tokens བར།) འཁོར་སྐྱོད་དང་བཟོ་བཅོས་བྱེད་ཐུབ་ཀྱི་ཡོད། འདིའི་ནུས་པ་ཁག་ནི་གཤམ་གསལ་ཏེ།

  • བོད་ཡིག་གི་ཡིག་ཆ་རིང་པོ་དག་ཀློག་ཐུབ་པ།
  • གོ་བ་གཏིང་ཟབ་པའི་གླེང་མོལ་བྱེད་ཐུབ་པ།
  • དུས་གཅིག་ཏུ་གནས་ཚུལ་རྒྱ་ཆེན་པོར་ལས་ཀ་བྱེད་ཐུབ་པ། བཅས་ཡིན།

བོད་ཡིག་ལ་གོ་བ་ལོན་པའི་ནུས་པ་ཤུགས་ཆེར་འཕེལ་བ།

ཉམས་ཞིབ་ཀྱི་གྲུབ་འབྲས་ཚད་འཇལ་བྱེད་ཆེད། ངེད་བཟོ་སྐྲུན་ཚན་པས་བོད་ཀྱི་རྩོམ་རིག་དང་། སུམ་རྟགས་གཞུང་ལུགས། སྙན་ངག ལོ་རྒྱུས་བཅས་ཕྱོགས་ཡོངས་སུ་ཚུད་པའི་བོད་ཡིག་གི་ཆེད་དམིགས་ཚད་འཇལ་རྒྱུགས་གཞི་ཞིག་གསར་བཟོ་བྱས་ཡོད།

མེ་ལོང་ཐོན་རིམ་ ༢.༠ ཡིས་གཤམ་གསལ་ལྟར་ཡར་རྒྱས་ཁ་གསལ་དུ་བཏང་ཡོད།

  • སྤྱིའི་ཆ་ནས་བརྒྱ་ཆ་ ༡༠ ཙམ་གྱི་ནུས་པ་མཐོར་འདེགས་ཕྱིན་པ།
  • ལྷག་པར་དུ་རྩོམ་རིག་དང་། སུམ་རྟགས། སྙན་ངག ལོ་རྒྱུས་བཅས་ཀྱི་ཐོག་ནུས་པ་ཆེན་པོ་འཕེལ་བ།
  • RAG མ་ལག་དང་ཟུང་འབྲེལ་བྱས་པ་དེས་གནས་ཚུལ་ཡང་དག་པ་འཚོལ་ཞིབ་བྱེད་པར་ཕན་ཐོགས་བླ་ལྷག་བྱུང་བ།
  • བོད་ཡིག་གི་ལས་འགན་འགའ་རེའི་ཐོག་རྒྱལ་སྤྱིའི་ཚན་རྩལ་འཕྲུལ་རིག་ཚོང་གཉེར་ཁང་ཆེན་པོ་དག་གི་གཞི་རྒྱ་ཧ་ཅང་ཆེ་བའི་དཔེ་གཞི་དག་ལས་ཀྱང་གྲུབ་འབྲས་ལེགས་པ་ཐོན་ཐུབ་པ་བྱུང་བ།

འདིས་མ་ལག་འདིས་སྔར་ལས་ལྷག་པའི་བོད་ཡིག་ལ་གོ་བ་གཏིང་ཟབ་མོ་ལེན་ཐུབ་པ་གསལ་པོར་མཚོན།

མཇུག་བསྡུ་བ།

མེ་ལོང་ཐོན་རིམ་ ༢.༠ ཡིས་བོད་ཡིག་གི་ཆེད་དུ་མིས་བཟོས་རིག་ནུས་བཟོ་རྒྱུ་ནི་དཔེ་གཞི་ཆེན་པོ་བཟོ་རྒྱུ་གཅིག་པུ་མ་ཡིན་པར། རུ་ངར་ཞིབ་ཚགས་ཀྱིས་འཆར་འགོད་བྱེད་དགོས་པ་གསལ་བོར་བསྟན་ཡོད། སྐད་ཡིག་རང་ཉིད་ཀྱི་གྲུབ་ཚུལ་དང་། བཀོལ་སྤྱོད་བྱེད་སྟངས། གཞི་གྲངས་བཅས་ལ་ཆེད་དུ་དམིགས་ཏེ། བོད་ཡིག་ལ་གོ་བ་ཡང་དག་པར་ལེན་ཐུབ་པ་དང་། ལག་ལེན་དངོས་ཀྱི་ཁྲོད་ཁ་ཡོད་ལག་ཡོད་དུ་ཕན་ཐོགས་ལྡན་པའི་མ་ལག་ཅིག་གསར་སྐྲུན་བྱས་ཐུབ་ཡོད།